Friday, October 31, 2008

H.H. Interview

འགྲན་རྩོད་དང༌། འདོད་རྔམ། བདེ་སྐྱིད་
བཅས་ཀྱི་མན་ངག

ཏཱ་ལའི་བླ་མ་མཆོག་གིས་ཐེངས་དང་པོར་ཁེ་ལས་ལས་རིགས་ཀྱི་ཕུལ་བྱུང་
མི་སྣར་དམིགས་ནས་ཚོང་ལས་བདུན་རེའི་དུས་
དེབ་༢༠༠༧།༥།༧ ནས་ ༢༠༠༧།༥།༡༣
ཀྱི་བཅར་འདྲི་དང་ལེན་གནང་བ།

བཅར་འདྲི་ཞུ་མཁནཿ སུན་ཤིའུ་ཧུའེ་ Sun Xiu Hui ཧོ་ཀུའེ་ཕིན།He Gui Fen
ལེགས་སྒྲིག་པཿ ཧོ་ཀུའེ་ཕིན།He Gui Fen
དཔར་པཿ གྲན་སྦིང་ཤུན་Chen Bing Xun

༄༅། ཐེངས་འདིར་ང་ཚོ་རྡ་སར་སླེབས་པའི་སྐབས་འདིར་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་ཚོང་ལས་བདུན་རེའི་དུས་དེབ་Business Weeklyནི་ཨེ་ཤ་ཡའི་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ཆེན་པོ་དང༌། ལྷག་པར་ཕུལ་བྱུང་གི་ཁེ་ལས་པའི་ཁྲོད་ཤུགས་རྐྱེན་ཡོད་པའི་དུས་དེབ་ཅིག་ཡིན་པ་མཁྱེན་རྟོགས་བྱུང་ནས། ང་ཚོའི་དུས་དེབ་རྩོམ་སྒྲིག་ཁང་གི་སྐུ་མགྲོན་དུ་ཕེབས་རྒྱུར་དགྱེས་མཉེས་ངང་ཞལ་བཞེས་གནང་བ་མ་ཟད། བརྗོད་གཞི་གཙོ་བོ་ཁེ་ལས་ལ་འཕྲད་པའི་འགྲན་རྩོད་སྣ་ཚོགས་ལ་དམིགས་རྒྱུའི་ཐུགས་རེ་ཡང་གནང་སྟེ། ཐེངས་དང་པོར་ཨེ་ཤ་ཡའི་ཁེ་ལས་ལས་རིགས་ལ་གསུང་གླེང་གནང༌།
འཛམ་གླིང་ཁྱོན་ནས་གུས་བརྩི་ཐོབ་པའི་བསམ་བློའི་གཙོ་འཛིན་ཁོང་མཇལ་དུས། ང་ཚོའི་སེམས་ནང༌། ྋགོང་ས་ཏཱ་ལའི་བླ་མ་ཁོང་ཉིད་ནི་ལོ་འཁོར་མོར་ཁ་བས་བརྒྱན་ཞིང༌། དངུལ་མདོག་ལྟར་གྱི་འོད་སྣང་འཕྲོ་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྣམ་པར་འཚེར་བའི་གཟུགས་རང་རེད་འདུག་སྙམ་པའི་ཚོར་བ་བྱུང༌། ཁོང་དང་ང་ཚོའི་དབར་འགྲན་རྩོད་དང༌། འདོད་རྔམ། རྒྱུ་ནོར་བཅས་ཀྱི་སྐོར་གླེང་མོལ་བྱུང་བ་མ་ཟད། ཁེ་ལས་ཀྱིས་འཇིག་རྟེན་ཁམས་སུ་ཤུགས་རྐྱེན་དང་འགན་འཁུར་ཇི་ཡོད་སྐོར་ཡང་གླེལ་མོལ་བྱུང༌། ཁོང་གིས་གསུངས་དོན། དར་མ་མ་ཡིན་པའི་མི་རྣམས་སློབ་གྲྭའི་སློབ་གསོར་བརྟེན་དགོས་པ་དང༌། དར་མ་རྣམས་ཀྱི་སློབ་གསོ་ནི་ཁེ་ལས་ཀྱི་ནུས་ཤུགས་ལེགས་སྐྱེས་ལ་བརྟེན་དགོས་པ་ཞིག་རེད། ཁེ་ལས་ཀྱི་འགན་གཙོ་བོ་ནི་འགྲན་རྩོད་བྱ་རྒྱུ་ཁོ་ན་མ་ཡིན་པར། དེ་བས་མིའི་སེམས་ལ་འགུལ་བསྐྱོད་གཏོང་ཐུབ་པའི་ནུས་པ་འདོན་སྤེལ་བྱེད་ཆོག་ཅེས་གསུངས། དེ་ནི་གང་ཉིད་ང་ཚོའི་དུས་དེབ་རྩོམ་སྒྲིག་ཁང་གི་སྐུ་མགྲོན་དུ་ཕེབས་སྐབས་གསལ་སྟོན་གནང་བའི་གཟིགས་ཚུལ་གཙོ་བོ་རེད། གླེང་མོལ་གྱི་ནང་དོན་གཙོ་བོ་རྣམས་གཤམ་དུ་འགོད་རྒྱུ་ཡིན།
དུས་དེབཿ ང་ཚོའི་དུས་དེབ་ཀྱི་ཀློག་པ་པོ་མང་ཆེ་བ་ནི་ཨེ་ཤ་ཡའི་ཁེ་ལས་ལས་རིགས་ཁག་གི་འགོ་ཁྲིད་རྣམས་ཡིན། གོ་ལ་ཧྲིལ་པོའི་འགྲན་རྩོད་ལ་གདོང་གཏུགས་སྐབས་ཨེ་ཤ་ཡའི་དབུ་ཁྲིད་རྣམས་ལ་འགྲན་རྩོད་དང་འཕོ་འགྱུར་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་ན། ཁོང་ཚོས་ཇི་ལྟར་བྱས་ཚེ་གཞི་ནས་བློ་རིག་དྭངས་གསལ་དང༌། རྣམ་དཔྱོད་ལྡན་པའི་ཐོག་ནས་གདོང་གཏུགས་བྱེད་ཐུབ་བམ།
ྋགོང་སཿ དེ་ལས་སླ་པོ་མ་རེད། ཡིན་ནའི་དེ་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། གཙོ་བོ་ནི་ངེས་པར་དུ་དངོས་ཡོད་གནས་ཚུལ་ངོས་འཛིན་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་ངོས་འཛིན་ཐུབ་ན། གཞི་ནས་དངོས་དོན་དང་མཐུན་པའི་བྱ་སྤྱོད་ལག་བསྟར་བྱེད་ཐུབ། དོན་དག་ག་རེ་ཡིན་ཀྱང་གཞན་ལ་ལྟོས་མེད་ཁེར་རྐྱང་དུ་གནས་པ་ཞིག་མ་རེད། ང་ཚོས་རྒྱུན་དུ་ནོར་འཁྲུལ་ཆེ་ཤོས་ཤིག་བྱེད་ཀྱི་ཡོད་པ་ནི། གནས་ཚུལ་གང་རུང་ཞིག་བྱུང་བའི་སྐབས་གནས་ཚུལ་དེ་ཁོ་ནར་དོ་སྣང་བྱས་པ་མ་ཏོགས་དེ་དང་འབྲེལ་བའི་རྒྱུ་རྐྱེན་གཞན་རྣམས་རྗེད་འགྲོ་གི་ཡོད་པ་དེ་ཡིན། གནས་ཚུལ་མང་པོ་ཞིག་ནི་རྒྱུ་མཚན་འདི་དང༌། དེའི་དབང་དང༌། ཡང་ན་ཁ་ས་དང༌། ལོ་ཤས་སྔོན། ཐ་ན་དུས་རབས་གོང་མ། དུས་རབས་བཅོ་བརྒྱད་པ། དུས་རབས་བཅུ་དགུ་པའི་ནང་བྱུང་ཟིན་པའི་ནོར་འཁྲུལ་འགའི་ཞོར་གྱི་ཤུགས་རྐྱེན་དབང་གིས་བྱུང་བ་ཤ་སྟག་རེད། དབྱི་རག་གི་གནས་ཚུལ་ཐོག་ནས་ཧ་ཅང་གསལ་པོ་རེད། དེ་ནི་ས་དམ་མི་སྒེར་པ་ཅིག་གིས་རྐྱེན་བྱས་ཏེ་བྱུང་བ་ཞིག་མ་རེད། གལ་སྲིད་གནད་དོན་བྱེ་བྲག་པ་ཁེར་རྐྱང་གཅིག་ཐག་གཅོད་ཀྱི་ཆེད་དུ་བྱ་སྤྱོད་སྤེལ་ཚེ། དངོས་དོན་དང་མཐུན་པ་ཞིག་ཡོང་མི་སྲིད་ཅིང༌། དེས་དོན་དག་གཅིག་ཐག་ཆོད་ཀྱང་དེ་ལས་མང་བའི་དཀའ་ངལ་སྣ་ཚོགས་བཟོ་གི་ཡོད། དེ་ནི་ངའི་ལྟ་ཚུལ་ཡིན། དེ་ལས་སྤྲོས་པ་ངས་ཤེས་ཀྱི་མེད།བཞད་མོ་བཞད། སྟབས་བདེ་ཤོས་ཀྱི་ཐབས་ཤེས་ནི་ཕལ་ཆེར་ཆང་ཏོག་ཙམ་འཐུང༌། གནད་དོན་ཚང་མ་ཀླད་པའི་རྒྱབ་ཏུ་གཏོང་རྒྱུ་དེ་ཡིན་གྱི་རེད།སྐབས་དེར་ཕྱག་དབུ་རྒྱབ་ཏུ་བསྣམས་ནས་གཟིམ་ཁུག་པའི་ཚུལ་གནང་སྟེ། སླར་ཡང་བཞད་མོ་བཞད།
དུས་དེབཿ སྐུ་ཉིད་ནས་བྱམས་བརྩེའི་སྐོར་ཡང་ཡང་གསུང་གི་ཡོད། ཁེ་ལས་ལས་རིགས་ཀྱི་འགོ་ཁྲེིད་ཚོར་ག་དུས་ཡིན་རུང་རྣོ་ངར་ཆེ་བའི་འགྲན་རྩོད་མང་པོ་འཕྲད་ཀྱི་ཡོད། འགྲན་རྩོད་ཁ་ཤས་ནི་ཁྱོད་མ་ཤི་ན་ང་ཤི་གི་ཡིན་ཟེར་བ་ལྟ་བུ་རེད། དེ་འདྲའི་གནས་སྟངས་འོག་ད་དུང་སོ་སོའི་ཁ་གཏད་ལ་བྱམས་བརྩེ་བྱེད་ཐུབ་བམ།
ྋགོང་སཿ ཁྱོད་མ་ཤི་ན་ང་ཤི་གི་ཡིན་ཟེར་བའི་དེ་ནི་དངོས་དོན་དང་མ་མཐུན་པ་ཞིག་རེད། འགྲན་བསྡུར་ལ་རིགས་གཉིས་ཡོད་དེ། གཅིག་ནི་ངས་གཞན་གྱི་རྗེས་སུ་མ་ལུས་པ་བྱེད་ཀྱི་ཡིན། ཨང་དང་པོ་ལེན་གྱི་ཡིན། མ་མཐར་ཡང་གཞན་དང་གཅིག་པ་ཆགས་པ་བྱེད་ཀྱི་ཡིན་བསམ་པ་འདི་རེད། དེར་བརྟེན་ཁྱེད་རང་གིས་འབད་བརྩོན་བྱེད་ཀྱི་ཡོད། དེ་ནི་ལེགས་པའི་འགྲན་བསྡུར་ཡིན་པས་དཀའ་ངལ་མེད། འོན་ཀྱང་འགྲན་བསྡུར་གཅིག་ནི་དམིགས་ཡུལ་སྒྲུབ་ཆེད་དང༌། རྒྱུ་ནོར་ཐོབ་ཆེད། ཨང་དང་པོ་ལེན་ཆེད་མི་གཞན་ལ་དཀའ་ངལ་མང་པོ་བཟོ་བ་འདི་རེད། བསམ་བློ་དེ་འདྲ་ཁྱེར་མཁན་མི་དེ་ཚོར། གལ་སྲིད་མི་གཞན་རྩ་མེད་མ་བཟོས་པ་དང༌། འགོག་རྐྱེན་རྣམས་གཙང་སེལ་མ་བྱས་ན། གཞན་ལས་རྒྱལ་ཐུབ་ཐབས་མི་འདུག་བསམ་པའི་བློ་གཅིག་ཡོད་པ་རེད། དེ་ནི་ཞན་པའི་འགྲན་བསྡུར་ཞིག་ཡིན་པར་ངས་ངོསའཛིན་བྱེད་ཀྱི་ཡོད། ལེགས་པའི་འགྲན་བསྡུར་ནི། ཁྱེད་རང་གིས་ཁ་གཏད་ལ། ངས་ཁྱེད་རང་དང་འགྲན་བསྡུར་བྱེད་ཀྱི་ཡིན་ཞེས་མངོན་གསལ་དོད་པོས་བཤད་ཆོག འོན་ཀྱང་ཕན་ཚུན་དབར་སྔར་བཞིན་གྲོགས་པོ་རེད། ཞན་པའི་འགྲན་བསྡུར་ནི། ཁྱེད་རང་གིས་ཁ་གཏད་ལ་དཀའ་ངལ་དང་འགོག་རྐྱེན་མང་པོ་བཟོས་ཡོད་ཅེས་ཕལ་ཆེར་བཤད་སྲིད་ཀྱི་མ་རེད། ངའི་ངོས་ནས་མི་ཆོས་དང་མཐུན་པའི་འགྲན་བསྡུར་ལ་རྒྱབ་སྐྱོར་ཡོད། དེ་ནི་ཁྱེད་ཀྱིས་གཞན་ལ་དགའ་པོའི་ངང་ནས་འགྲན་བསྡུར་གྱི་བྱ་སྤྱོད་རྣམས་གསལ་པོར་བཤད་དགོས། དེ་འདྲ་བྱུང་ན་ཁྱེད་རང་བློ་བདེ་བག་ཕེབས་དང༌། སྐྱིད་པོ་ཡོང་གི་རེད། ཁྱེད་ཀྱིས་ཨང་དང་པོ་ལེན་རྒྱུར་ཤུགས་རྒྱབ་ཨང༌། ངས་ཀྱང་ཤུགས་རྒྱག་གི་ཡིན་ཞེས་དགའ་པོའི་ངང་ནས་བཤད་ཆོག་གི་རེད། དེ་ནི་གཙང་ཞིང་ཡང་དག་གི་འགྲན་བསྡུར་རེད། དེ་མིན་ངན་སེམས་ཁོག་བཅངས་བྱས་ནས་མཐར་རྒྱལ་ཁ་ཐོབ་རུང༌། སེམས་གཏིང་དུ་སྐྱིད་པོ་ཞིག་ཡོང་གི་མ་རེད།
དུས་དེབཿ དེ་འདྲ་སོང་ཙང་སྐུ་ཉིད་ནས་འདོད་རྔམ་ལ་ངོ་རྒོལ་གནང་གི་མེད་དམ།
ྋགོང་སཿ དེ་འདྲ་མ་རེད། འདོད་རྔམ་ཡོད་པ་ཙམ་གྱིས་མ་འགྲིག་པ་མེད། ང་ནང་པ་ཞིག་རེད། ངའི་མཐར་ཐུག་གི་འདོད་རྔམ་དེ་སངས་རྒྱས་ཐབས་བྱ་རྒྱུ་དེ་རེད། དེ་ནི་ཧ་ཅང་ཆེ་བའི་འདོད་རྔམ་ཞིག་རེད།བཞད་མོ་བཞད། མཐར་ཐུག་གི་དམིགས་ཡུལ་དེའི་ཆེད་ངས་འབད་བརྩོན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་རྟེན་འདོད་རྔམ་ཡོད་པ་ཙམ་གྱིས་སྡུག་ཅག་མ་རེད། ཡིན་ནའི་འདོད་རྔམ་ཁ་ཤས་དཔེར་ན། དབང་ཆ་ཆེན་པོ་ཐོབ་ཆེད་དགྲ་བོ་རྩ་མེད་བཟོ་བསམ་པའི་འདོད་རྔམ་དེ་ཧ་ཅང་གི་རྩུབ་སྤྱོད་ཡིན་སྟབས་གཏན་ནས་ཡག་པོ་མ་རེད། ཡང་ཁག་ཅིག་གིས་རང་ཉིད་གོ་ལ་འདིའི་སྟེང་གི་མི་སྐད་གྲགས་ཆེ་ཤོས་ཤིག་ཏུ་འགྱུར་བ་བྱེད་ཀྱི་ཡིན་བསམ་པའི་འདོད་རྔམ་དེ་བྱིས་བློ་དང་མཚུངས་ཤིང༌། དེ་འདྲའི་འདོད་རྔམ་དེ་གླེན་རྟགས་ཅན་གྱི་འདོད་རྔམ་རེད།
དུས་དེབཿ ཁེ་ལས་ཁག་ཅིག་གིས་ཧ་ཅང་ཐབས་སྡུག་གི་བྱ་ཐབས་བཟུང་ནས་དངུལ་མང་པོ་བཟོས་རྗེས་གཞི་ནས་འགྲོ་སོང་བཏང་སྟེ་དགེ་བའི་ལས་སྒྲུབ་ཀྱི་ཡོད། དེར་སྐུ་ཉིད་ཀྱི་གཟིགས་ཚུལ་གང་ཡོད་དམ།
ྋགོང་སཿ སྤྱིར་བཏང་ནས་བཤད་ན། ངས་དེ་ནི་ནོར་འཁྲུལ་རེད་སྙམ། འོན་ཀྱང་གཙོ་བོ་ཀུན་སློང་ལ་རག་ལུས་ཀྱི་རེད། སྐབས་རེ་དམིགས་ཡུལ་བཟང་པོ་ཞིག་སྒྲུབ་ཆེད་བློས་གཏོང་ཏོག་ཙམ་བྱེད་དགོས་ཀྱི་ཡོད། ཚན་རིག་གིས་བརྟག་དཔྱད་ཞིབ་འཇུག་བྱས་ནས་ཐོབ་པའི་སྡོམ་ཚིག་ནི། དམིགས་ཡུལ་ངེས་ཅན་ཞིག་ཇི་ཙམ་སྒྲུབ་ཐབས་བྱས་པ་དེ་ཙམ་གྱིས་བློས་བཏང་གང་འཚམས་ཤིག་བྱེད་དགོས་ཀྱི་ཡོད་པ་དེ་རེད། དེ་འདྲ་ཡིན་ན། སེམས་ལྤགས་ཕྲན་བུའི་མཐུག་ཀྱང་དགོས་ངེས་ཤིག་རེད་སྙམ།
དུས་དེབཿ སྐུ་ཉིད་ཀྱིས་གསུངས་ན། དམིགས་ཡུལ་བཟང་པོ་ཡིན་ཚེ། བརྒྱུད་རིམ་ཕྲན་བུའི་མི་ལེགས་པ་ཡོད་རུང་ཁྱེད་ཀྱིས་མོས་མཐུན་གནང་གི་ཡོད་གསུངས་ཀྱི་ཡོད་དམ། གང་ཡིན་ཟེར་ན། ཁེ་ལས་མང་པོ་ཞིག་ལ་ག་དུས་ཡིན་རུང་བརྒྱུད་རིམ་དང་མཇུག་འབྲས་གཉིས་བར་གྱི་དཀའ་ངལ་དེ་འཕྲད་བཞིན་ཡོད། ྋགོང་སཿ རེད། ངས་མོས་མཐུན་བྱེད་ཀྱི་ཡོད། ང་ཚོའི་ཚོད་དཔག་དང༌། ཞིབ་འཇུག་རྣམས་དམིགས་ཡུལ་དང་དམིགས་ཡུལ་དེའི་ཆེད་བློས་བཏང་བྱས་པ་གཉིས་དབར་སྐབས་རེ་རྩིས་ཏག་ཏག་མ་ཐེབས་པ་དེ་འདྲ་ཡོང་གི་རེད། དོན་དག་ག་རེ་ཡིན་རུང་བརྒྱ་ཆ་བརྒྱ་ཐམ་པའི་ཐག་ཆོད་པ་མེད། བྱས་ཙང་གནད་དོན་ཐམས་ཅད་འགྲིག་དང་ནོར་ཟེར་བ་དེ་ཀུན་སློང་ལ་རག་ལུས་ཡོད། གལ་སྲིད་ཀུན་སློང་ཡང་དག་དང༌། བྱམས་བརྩེ་དང་ལྡན་པ་ཞིག་ཡིན་ན། བྱ་ཐབས་ཕྲན་བུ་ནོར་ཡང་དགོངས་སེལ་ཞུ་རྒྱུ་ལས་མེད་ཅིང༌། ལས་ཀ་འགོ་འཛུགས་སྐབས་འགྲིག་པ་དང༌། ཀུན་སློང་ཡང་དག་ཡིན་པ། ཚང་མས་གསལ་པོ་ཤེས་པ་ཞིག་ཡིན་ན། རྒྱུ་རྐྱེན་ཉུང་ཤས་དབང་གིས་དམིགས་ཡུལ་མ་སྒྲུབ་ཀྱང་འགྱོད་པ་ཡོད་པ་མ་རེད།
དུས་དེབཿ ཁེ་ལས་མང་པོའི་ཁེ་འབབ་བགོ་སྤྲོད་ཀྱི་གོ་རིམ་ནི་དང་པོ་ཤེར་བདག་དང༌། དེ་ནས་འཛད་སྤྱོད་བྱེད་མཁན། དེ་རྗེས་ལས་བཟོ་པ་རེད། སྐུ་ཉིད་ཀྱིས་གོ་རིམ་དེར་མོས་མཐུན་ཡོད་དམ།
ྋགོང་སཿ སྐར་ཆ་གསུམ་དགོངས་པ་བཞེས།དོན་དངོས་ཐོག་མ་རྩ་རིང་ལུགས་དང་མ་ཁེ་སི་རིང་ལུགས་གཉིས་བསྡུར་ན། ངས་མ་ཁེ་སི་རིང་ལུགས་ལ་དེ་བས་མོས་མཐུན་ཡོད། རྒྱུ་མཚན་གཅིག་ནི། མ་ཁེ་སི་རིང་ལུགས་ཀྱིས་ལས་བཟོ་པ་དང༌། འཛད་སྤྱོད་བྱེད་མཁན་ལ་དོ་སྣང་ཆེ་བ་བྱེད་པ་ལས་ཤེར་བདག་ཨང་དང་པོར་བཞག་གི་མ་རེད། འདྲ་མཉམ་གྱི་བགོས་འགྲེམས་ལ་བསམ་གཞིགས་བྱེད་པ་ལས་ཁེ་བཟང་རྐྱང་པར་བསམ་གཞིགས་བྱེད་ཀྱི་མ་རེད། ཡིན་ནའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡིན་ཟེར་མཁན་དེ་ཚོ་མཐར་ཚང་མ་དབུལ་པོ་ཆགས་འགྲོ་གི་ཡོད།བཞད་མོ་བཞད། ཤེར་བདག་ལ་ཁེ་ཕན་མ་སྤྲད་ན། ཡར་རྒྱས་འགྲོ་ཐབས་མེད་ཅིང༌། ཡང་གལ་སྲིད་རྟག་ཏུ་ཤེར་བདག་གི་ཁེ་ཕན་གཅིག་པུ་ཨང་དང་པོར་བཞག་ན། འཛད་སྤྱོད་བྱེད་མཁན་དང་ལས་བཟོ་པ་རྣམས་ཐོར་འགྲོ་གི་རེད། དུས་གཅིག་ལ་འདྲ་མཉམ་གྱི་ཐོག་ནས་ཤེར་འཛད་བཟོ་གསུམ་གྱི་ཁེ་ཕན་ལ་བསམ་གཞིགས་བྱེད་ཐུབ་ན། དེས་ཁེ་ལས་གཞི་ནས་ལམ་ལྷོང་ཡོང་གི་རེད། གལ་སྲིད་འཛད་སྤྱོད་བྱེད་མཁན་ལ་སེམས་ཁུར་མ་བྱས་ན། དེ་རིང་བཅུ། སང་ཉིན་ལྔ། གནང་ཉིན་ཀླད་ཀོར་དུ་འགྱུར་ཏེ་མཐར་ཚང་མ་མེད་པ་ཆགས་རྒྱུ་རེད།བཞད་མོ་བཞད།

དུས་དེབཿ བྱས་ན། སྐུ་ཉིད་ནས་དེ་གསུམ་ཀར་འདྲ་མཉམ་གྱི་ལྟ་སྟངས་བཟུང་དགོས་པའི་ངོས་འཛིན་གནང་གི་ཡོད་དམ།
ྋགོང་སཿ དེ་ག་རེད། ལོས་ཡིན། གོང་དུ་བརྗོད་པ་ལྟར་ད་དུང་དངོས་ཡོད་གནས་སྟངས་ལ་བསྟུན་ནས་བབ་ལྟ་བྱེད་དགོས། གལ་སྲིད་ལོ་འདིར་ཧ་ཅང་ལམ་ལྷོང་བྱུང་ནས་དངུལ་སྔར་ལས་མང་བ་བྱུང་ཚེ། མཉམ་དུ་ལོངས་སྤྱོད་བྱ་རྒྱུ་དེ་སྔར་ལས་མང་དུ་གཏོང་དགོས་པ་དང༌། གལ་སྲིད་ཁེ་གཉེར་གྱི་གནས་སྟངས་ཡག་པོ་མ་བྱུང་ན། ངེས་པར་དུ་དངོས་ཡོད་གནས་སྟངས་ལ་བསམ་གཞིགས་དང་འབྲེལ་ལས་བཟོ་པར་ཡང་ལོ་འདིའི་ཚོང་ཡག་པོ་མ་བྱུང་བའི་སྐོར་འགྲེལ་བརྗོད་བྱེད་དགོས། དེ་ལྟར་བྱས་ཚེ། ལས་བཟོ་པར་ཚོར་བ་ངན་པ་ཡོང་གི་མ་རེད། ངས་ཁེ་ལས་ཀྱིས་ལས་བཟོ་པ་རྣམས་ཤེར་བདག་ནང་བཞིན་ལ་བརྩི་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ལས་བཟོ་པས་ལས་ཀ་ཧུར་ཐག་བྱེད་རྒྱུ་དེ་ཁེ་ལས་ལམ་ལྷོང་ཡོང་བའི་འགག་རྩ་ཡིན་པ་དང༌། ཤེར་བདག་ནི་དངུལ་འདོན་མཁན་ཙམ་ཡིན་ཞིང༌། ལས་ཀ་ཧུར་ཐག་བྱེད་མཁན་ནི་ལས་བཟོ་པ་རེད། ལས་བཟོ་པས་དཀའ་ལས་བརྒྱབ་པར་བཀའ་དྲིན་རྗེས་དྲན་དང༌། ལས་བཟོ་པར་བརྩི་བཀུར་བྱེད་དགོས་ཀྱི་རེད།
དུས་དེབཿ ཡཱ་ཏང་ཧྲེ་མི་སི་ Ya Dang Shi Mi Si ཡི་རྒྱལ་ཕྱུག་སྨྲ་བའི་འདོད་ཚུལ་ནང༌། སྐྱེ་བོ་མི་རེ་ངོ་རེས་ལུགས་མཐུན་གྱི་ལམ་ནས་ཁེ་ཕན་ཆེ་ཤོས་རྩོད་ལེན་བྱས་ཚེ། མཐར་སྤྱི་ཚོགས་ཀྱི་ཁེ་ཕན་ཆེ་ཤོས་བསྒྲུབ་ཐུབ་པར་བཤད་ཡོད། དེར་སྐུ་ཉིད་ཀྱི་གཟིགས་ཚུལ་གང་ཡོད་དམ།
ྋགོང་སཿ དཔལ་འབྱོར་གྱི་རིག་པའི་གཞུང་ལུགས་ངས་ཤེས་ཀྱི་མེད། ང་ལ་གྲོགས་པོ་ཞིག་ཡོད་པ་ཁོང་ནི་ཁེ་ལས་ཆེན་པོ་མང་པོའི་སློབ་སྟོན་པ་རེད། ཐེངས་གཅིག་ཁོང་གིས་གང་འདྲ་བྱས་ནས་དབུས་ཕྱུག་དོ་སྙོམས་ཡོང་ཐབས་སྐོར་གྱི་རིག་པའི་གཞུང་ལུགས་ཤིག་བཏོན་པ་རེད། གཞུང་ལུགས་དེ་ཕར་བལྟས་ན་མཛེས་པོ་ཞེ་དྲགས་ཡོད་པ་རེད། ཁོང་གིས་འབྱོར་འབྲིང་གྲལ་རིམ་རྣམས་རྒྱ་སྐྱེད་གང་ཐུབ་བྱས་ན། སྟྟེང་གི་ཕྱུག་པོའི་གྲལ་རིམ་དང་འོག་གི་དབུལ་པོའི་གྲལ་རིམ་ཆུང་དུ་འགྲོ་རྒྱུ་ཡིན་པའི་འདོད་ཚུལ་བཟུང་ཡོད། སྤྱི་ཚོགས་ནི་མི་སྒེར་པ་ཡོངས་རྫོགས་བསྡུས་ནས་གྲུབ་པ་ཞིག་རེད། གལ་སྲིད་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འཕེལ་རྒྱས་འགྲོ་བར་མི་སྒེར་གྱི་ཁེ་ཕན་བློས་གཏོང་བྱེད་དགོས་ན། ཐུན་མོང་ཁེ་ཕན་ཆེད་དུ་འབད་བརྩོན་བྱས་པ་རྣམས་མཐར་སྡུག་བསྔལ་དུ་འགྱུར་རྒྱུ་རེད། ང་ཚོ་ནང་པ་ཚོ་ཡང་གཅིག་པ་རེད། ལོ་རབས་ ༧༠ པའི་ནང་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཡོད་པའི་ང་ཚོའི་གཞིས་ཆགས་ནང༌། ངས་ཐབ་ཚང་མཉམ་སྤྱོད་བྱེད་རྒྱུ་དར་སྤེལ་བྱས་ྭཔ་རེད། ཁྱིམ་ཚང་མང་པོས་ཐབ་ཚང་གཅིག་མཉམ་སྤྱོད་བྱེད་དུས་ནུས་པའི་འབྱུང་ཁུངས་དང༌། བུད་རྫས་གྲོན་ཆུང་བྱེད་ཐུབ་ཀྱི་ཡོད། ཐོག་མར་འགོ་འཛུགས་སྐབས་ཚང་མས་དགའ་པོ་བྱས་ནས་ལས་ཀ་ཚང་མ་ཡག་པོ་ཡོང་གི་ཡོད། འོན་ཀྱང་ལོ་ཤས་རྗེས་ཐབ་ཚང་མཉམ་སྤྱོད་ཀྱི་ལམ་ལུགས་དེ་རང་བཞིན་གྱིས་མེད་པར་གྱུར་པ་རེད།བཞད་མོ་བཞད། འདི་ནི་མིའི་རང་བཞིན་རེད།
དུས་དེབཿ དེ་འདྲ་སོང་ཙང༌། མི་ཚང་མས་སྔོན་ལ་ངེས་པར་དུ་རང་ཕན་བྱས་ཚེ། ལས་དོན་གཞི་ནས་ལམ་ལྷོང་གི་ཡོང་གི་ཡོད་དམ།
ྋགོང་སཿ རེད། མི་སྒེར་པ་ཚང་མ་བདེ་སྐྱིད་དང༌། འབྱོར་ཕྱུག དར་རྒྱས་ལྡན་པ་ཞིག་བྱུང་ན། གཞི་ནས་སྤྱི་ཚོགས་ཁྱོན་ཡོངས་དར་རྒྱས་ཡོང་གི་རེད། དཔལ་འབྱོར་དར་རྒྱས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་དོན་སྙིང་ངོ་མ་ནི་མི་སྒེར་མི་རེ་ངོ་རེ་ཕུན་སུམ་ཚོགས་པའི་དོན་རེད། ད་ལྟ་གོང་དུ་བརྗོད་པ་བཞིན་ཁེ་ལས་ཀྱིས་ཤེར་བདག་དང༌། ལས་བཟོ་པ། འཛད་སྤྱོད་བྱེད་མཁན་གསུམ་ཀར་ལྟ་དགོས་པ་ནང་བཞིན་སྤྱི་ཚོགས་ཀྱང་དེ་རང་རེད། སྒེར་གཅིག་པུར་བསམ་ནས་སྤྱི་ཚོགས་ལ་བསམ་གཞིགས་མ་བྱས་ན། འཆི་ལམ་མ་གཏོགས་མེད་ཅིང༌། ཡང་སྤྱི་ཚོགས་གཅིག་པུར་བསམ་ནས་སྒེར་ལ་བསམ་གཞིགས་མ་བྱས་ན་ཡང་འཆི་ལམ་མ་གཏོགས་མེད། བདེ་སྐྱིད་དང༌། བདེ་ཐང༌། དར་རྒྱས་བཅས་ཡིན་པའི་ཁྱིམ་ཚང་ཁ་ཤས་ཤིག་ལས་མེད་པ་དང༌། སྤྱི་ཚོགས་ཀྱི་མི་མང་ཆེ་བ་དབུལ་ཕོངས་ཡིན་ན། མཐར་དར་རྒྱས་ཡིན་པའི་ཁྱིམ་ཚང་དེར་ཡང་དཀའ་ངལ་མཉམ་དུ་འཕྲད་རྒྱུ་རེད། སྤྱི་ཚོགས་ཁྱོན་ཡོངས་དར་རྒྱས་དང་ལྡན་པ་ཞིག་ཡིན་ན། མི་སྒེར་མི་རེ་ངོ་རེར་གཞི་ནས་ཁེ་ཕན་ཆེ་ཤོས་ཐོབ་ཐུབ། དེར་བརྟེན་སྤྱི་ཚོགས་ནི་ཚད་བཟུང་ས་རེད། ང་ཚོས་གནད་དོན་དེ་ཚོར་ནན་ཏན་གྱིས་བསམ་གཞིགས་བྱེད་དགོས་པའི་དུས་ལ་བབས་ཡོད་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ངེས་པར་དུ་བརྟག་དཔྱད་དང༌། ཞིབ་འཇུག་བྱེད་དགོས་ཀྱི་འདུག སྤྱི་ཚོགས་ཁ་ཤས་རྦད་དེ་ཕྱི་དངོས་པོ་ཅན་དུ་གྱུར་ནས། མིའི་རང་བཞིན་དང་ནང་སེམས་ཀྱི་རིན་ཐང་དང་འབྲེལ་བའི་ལས་འགུལ་ཇེ་ཉུང་དུ་འགྲོ་བ་དང༌། ནང་སེམས་དང་འབྲེལ་བའི་ལས་འགུལ་དང༌། དྲོ་སྐྱིད་ལྡན་པའི་སེམས་ཤིག་དགོས་པའི་སློབ་གསོ་གཏོང་རྒྱུར་སྣང་ཆུང་ཤོར་གྱི་འདུག་པ་དེ་ནི་ཧ་ཅང་ཚབས་ཆེ་བའི་གནད་དོན་ཞིག་རེད།
དུས་དེབཿ སྐུ་ཉིད་ནས་དེ་སྔ་འཇིག་རྟེན་ཡོངས་ཀྱི་དོན་ཆེན་འཁུར་དུ་འཁྱེར་དགོས་སྐོར་དར་སྤེལ་གནང་ཡོད། དེའི་དོན་སྙིང་ངོ་མ་གང་ཡིན་ནམ། ཁེ་ལས་དང་དེའི་དབར་གྱི་འབྲེལ་བ་གང་ཡིན་ནམ།
ྋགོང་སཿ དཔལ་འབྱོར་གོ་ལ་ཅན་དུ་གྱུར་ཟིན་ཅིང༌། ཁོར་ཡུག་གི་གནས་སྟངས་ཀྱང་ད་ཆ་ཚང་མས་ཤེས་འགོ་ཚུགས་ཡོད། ཡིན་ན་ཡང་མི་ཆོས་དང༌། མིའི་རང་བཞིན་ལ་སེམས་ཁུར་བྱེད་པའི་ཐད་ད་དུང་ཕྱོགས་ཞེན་ཆེ་ཙམ་ཡོད་པ་འདིས་དགོས་མེད་ཀྱི་དཀའ་ངལ་མང་པོ་བཟོ་གི་ཡོད།
ཡོ་རོབ་མནའ་མཐུན་རྒྱལ་ཁབ་ཚོས་དེ་སྔ་སོ་སོའི་རྒྱལ་ཁབ་ཀྱི་ཡོད་ཚད་གལ་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད། ད་ཆ་ཁོང་ཚོས་དེ་སྔ་ལྟར་སོ་སོ་གཅིག་པུར་བསམ་བློ་མ་བཏང་བར། ཚང་མས་དགའ་པོའི་ངང་ནས་སོ་སོའི་དངུལ་ལོར་མེད་པ་བཟོས་ཏེ་ཡོ་དངུལ་བེད་སྤྱོད་བྱེད་ཀྱི་ཡོད། ཡོ་རོབ་ཀྱིས་ད་ཆ་ཡོ་རོབ་ཧྲིལ་པོའི་ཁེ་ཕན་ལ་དོ་སྣང་ཆེ་ཙམ་བྱེད་ཀྱི་ཡོད་པ་ལས། ཚོགས་མིའི་རྒྱལ་ཁབ་བྱེ་བྲག་པ་གཅིག་གི་ཁེ་ཕན་ཁོ་ནར་དོ་སྣང་བྱེད་ཀྱི་མེད། དེ་ནི་ཡར་རྒྱས་ཀྱི་རྣམ་པ་རེད།
ངས་ཡོ་རོབ་ཀྱི་གྲོགས་པོ་ཚོར། ཁྱེད་རང་ཚོས་ད་དུང་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མནའ་མཐུན་གྱི་ལས་ཁུངས་ཨ་མ་དེ་ཡོ་རོབ་དབུས་སུ་དཔེར་ན། པོ་ལན་ཌའམ་ཧན་གྷ་རི།སྤོ་རྒྱུའི་འབད་བརྩོན་བྱེད་དགོས་པ་དང༌། ནུབ་བྱང་སྤྱི་བྱིངས་སྒྲིག་འཛུགས་ཀྱིས་ཨུ་རུ་སུ་སོ་སོའི་སྒྲིག་ཁོངས་སུ་འཐེན་ནས་སྤྱི་ཁྱབ་ལས་ཁུངས་ཨ་མ་དེ་མོ་སི་ཁོར་སྤོ་རྒྱུའི་འབད་བརྩོན་བྱེད་དགོས་ཞེས་བཤད་ཀྱི་ཡོད། ཁ་ཤས་ཀྱིས་ང་ལ་གད་མོ་ཤོར་གྱི་འདུག ཡིན་ནའི་ངས་ངོས་ནས་དངོས་གནས་དེ་འདྲ་བསམ་གྱི་འདུག དེ་འདྲ་བྱུང་ཚེ། ནུབ་ཡོ་རོབ་དང་ཨུ་རུ་སུའི་དབར་གྱི་འབྲེལ་བ་དེ་མུ་མཐུད་ནས་ཛ་དྲག་ཅན་དུ་འགྱུར་གྱི་མ་རེད། དེ་ཚོ་ནི་ངས་བཤད་པའི་འཇིག་རྟེན་ཡོངས་ཀྱི་དོན་ཆེན་འཁུར་དུ་འཁྱེར་དགོས་པའི་སྐོར་གྱི་ནང་དོན་ཆ་ཤས་ཤིག་རེད། འགྲོ་མ་མིའི་རིགས་ཡོངས་ཀྱིས་ཕན་ཚུན་ཁྱིམ་ཚང་གཅིག་ལྟར་གྱི་འདུ་ཤེས་བཟུང་དགོས་པ་རེད།
ང་ལ་གྲོགས་པོ་རྒྱ་གར་མཁས་དབང་ཞིག་ཡོད། ཐེངས་གཅིག་ཁོང་གིས་འབར་མ་དང༌། རྒྱ་གར། པ་ཀི་སི་ཐན། ཤྲི་ལངཀ་བཅས་རྒྱལ་ཁབ་ལས་གྲུབ་པའི་མནའ་མཐུན་ནམ་མནའ་འབྲེལ་ཞིག་འཛུགས་དགོས་པའི་བསམ་ཚུལ་བཏོན་མྱོང༌། ངས་དེ་ནི་གུ་ཡངས་ལ་མཐོང་རྒྱ་ཆེ་ཞིང༌། རླབས་ཆེན་གྱི་བསམ་ཚུལ་ཞིག་རེད་བསམ་བྱུང༌། ངས་ཁོང་ལ། ད་དུང་ཨབ་གྷན་དང་རྒྱ་ནག་ཡང་དེའི་ནང་ཚུད་ན། དམག་འཁྲུག་གི་ཉེན་ཁ་ཡོང་དགོས་དོན་མི་འདུག་ཅེས་བསམ་ཚུལ་ཤོད་རྒྱུ་བྱུང༌།
དུས་དེབཿ དེང་སྐབས་ཁེ་ལས་མང་པོས་ནུབ་ཕྱོགས་ཀྱི་རིན་ཐང་སྤྱད་ནས་ཕན་ཚུན་དཔྱད་བརྗོད་བྱེད་རེས་བྱེད་ཀྱི་འདུག སྐུ་ཉིད་ཀྱིས། ཨེ་ཤ་ཡའི་ལུང་པར་ཁེ་ལས་ཐོག་སྤྱོད་ཆོག་པའི་རྩ་ཆེའི་རིན་ཐང་ག་རེ་ཡོད་པར་ངོས་འཛིན་གནང་གི་ཡོད་དམ།
ྋགོང་སཿ ད་ལྟའི་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་ཁྱིམ་ཚང་ལ་ཐུག་ཡོད། ངས་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་རིན་ཐང་གང་ཞིག་ཡག་མིན་བརྗོད་ཐབས་མེད་ཀྱང༌། སྤྱི་ཚོགས་འགའ་རེའི་ནང་མི་ཚང་མ་འཕྲུལ་འཁོར་ཆེན་པོ་ཅིག་ནང་གི་གཟེར་ཆུང་ཆུང་ལྟ་བུར་གྱུར་ཡོད། དངོས་པོའི་རིན་ཐང་དང༌། མིའི་རང་བཞིན་སེམས་ཀྱི་རིན་ཐང་གཉིས་ངེས་པར་དུ་ཟུང་དུ་འབྲེལ་ནས་འགྲོ་དགོས། དྲོ་སྐྱིད་ལྡན་པའི་སེམས་ཀྱིས་ང་ཚོར་ཚོར་བ་ཡོད་པ་བཟོ་གི་ཡོད་ཅིང༌། དྲོ་སྐྱིད་ལྡན་པའི་སེམས་ནི་ང་ཚོ་ངལ་བ་ལས་སྐྱོབ་བྱེད་ཅིག་ཆགས་ཡོད། ང་ཚོར་ནང་སེམས་ཀྱི་རིན་ཐང་མང་ཙམ་དགོས་ངེས་ཆགས་ཡོད།
མི་ཁ་ཤས་ཀྱིས་ནུབ་ཕྱོགས་བཟོ་ལས་ཅན་གྱི་སྤྱི་ཚོགས་དང༌། ནུབ་ཕྱོགས་ཀྱི་རིན་ཐང༌། ནུབ་ཕྱོགས་ཀྱི་རིག་གཞུང་ལ་དགག་པ་ནན་པོ་རྒྱག་གི་ཡོད། དེ་འདྲ་བྱས་ན་ཡང་འགྲིག་གི་མེད། ང་ཚོར་ཚན་རྩལ་དགོས་ངོ་མ་ཡིན། ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་ཞིག་གིས། ལམ་ཁ་བཟོས་པའི་རྐྱེན་གྱིས་གྲོང་གསེབ་པ་རྣམས་བྲེལ་ཟིང་ཆེ་རུ་ཕྱིན་ཏེ་མཆོད་ཁང་ནང་ཆོས་བྱེད་མཁན་ཇེ་ཉུང་དུ་འགྲོ་གི་འདུག དེར་བརྟེན་དེང་རབས་ཅན་ཟེར་བ་ནི་ཡག་པོ་མ་རེད་ཟེར་གྱི་འདུག དེ་ནི་ནོར་འཁྲུལ་དང༌། གླེན་རྟགས་རེད། ངའི་བསམ་པར།གསུང་སྐད་ཆེན་པོའི་ཐོག་ནས། ང་ཚོར་དེང་རབས་ཅན་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་དེང་རབས་ཅན་གྱི་སྒྲིག་བཀོད་ཀྱིས་སྐྲུན་པའི་སྟབས་བདེ་དེ་དག་བེད་སྤྱད་ནས་ང་ཚོའི་མིའི་རང་བཞིན་གྱི་རིན་ཐང་དེ་སྲུང་སྐྱོབ་དང༌། གོང་མཐོར་གཏོང་དགོས་ཀྱི་རེད།
དུས་དེབཿ སྐུ་ཉིད་ཀྱིས་མིའི་རང་བཞིན་གྱི་རིན་ཐང་དང༌། མིའི་རང་བཞིན་གྱི་སེམས་ཁུར་སྐོར་གསུང་གླེང་གནང་གི་ཡོད། དེའི་ཐད་ཁེ་ལས་ལས་རིགས་དང༌། ཁེ་ལས་ལས་རིགས་ཀྱི་འགོ་ཁྲིད་ཚོས་ཇི་ལྟར་བྱས་ནས་ལེགས་སྐྱེས་འབུལ་ཐུབ་བམ།
ྋགོང་སཿ ཁེ་ལས་ལས་རིགས་ནི་སྤྱི་ཚོགས་འདིའི་ཆ་ཤས་གལ་ཆེ་ཞིག་ཡིན་པ་སྨོས་མེད་རེད། ངས་འབྱོར་ལྡན་ཚོས་གཞན་ཕན་གྱི་དགེ་བའི་ལས་མང་པོ་བྱེད་ཐུབ་ཀྱི་རེད་བསམ་གྱི་ཡོད། ཁེ་ལས་པ་རྣམས་ལ་ཡང་རང་བཞིན་གྱིས་མི་མངོན་པའི་ནུས་པ་མང་པོ་ཡོད་པ་རེད། རྒྱུ་མཚན་ནི་ཁོང་ཚོར་དངུལ་ཡོད་པས་ཡིན། ཐེངས་ཤིག་རྒྱ་གར་བའི་ཁྱིམ་ཚང་ཞིག་ང་ཐུག་པར་སླེབས་བྱུང༌། ཁོང་ཚོར་སྨོན་ལམ་རྒྱབ་རོགས་ཟེར་གྱི་འདུག ངས་ཁོང་ལ། ངས་ཁྱེད་ལ་སྨོན་ལམ་དམིགས་བསལ་རྒྱབ་རྒྱུ་གང་ཡང་མེད། ཁྱེད་རང་རང་ཉིད་ལ་སྨོན་ལམ་གྱི་འབྱུང་རྩ་ཡོད་པ་རེད། ཁྱེད་ཀྱིས་ཁྱེད་རང་ལ་ཡོད་པའི་དངུལ་ནས་ཆ་ཤས་ཤིག་སྤུན་ཟླ་དབུལ་པོ་རྣམས་ཀྱི་སློབ་གསོ་དང༌། འཕྲོད་བསྟེན་ཀྱི་ཐོག་བཏང་ན། དེ་ནི་ཁྱེད་རང་ལ་སྨོན་ལམ་ཐོབ་པའི་ཐབས་ཤེས་འོས་ཤིང་འཚམས་ཤོས་དེ་རེད་ཅེས་ལབ་པ་ཡིན། ངས་ཡོ་རོབ་དང༌། ཨ་རིའི་གྲོགས་པོ་རྣམས་ལ་རྒྱུན་དུ་བརྗོད་རྒྱུ་ཡང་དེ་རང་ཡིན། ངའི་བསམ་པར་ཁོང་ཚོས་བྱེད་ཐུབ་པ་མང་ཤོས་ནི་སློབ་གསོའི་ཐོག་རེད། ངས། དངུལ་ཡོད་པའི་མི་ཚོས་སེམས་ཤུགས་དེ་དེང་དུས་ཀྱི་སློབ་གསོའི་ལས་རིགས་ཐོག་གཏོང་རྒྱུ་དང༌། ལྷག་པར་དུ་ནང་སེམས་ཀྱི་སློབ་གསོའི་ཐོག་གཏོང་ཐུབ་པ་བྱུང་ན་བསམ་གྱི་ཡོད།
དེང་དུས་ཀྱི་ཚན་རིག་པ་ཚོས། མིའི་རང་བཞིན་དང༌། སེམས་ཁམས་ཀྱི་རྒྱུ་རྐྱེན། ཚོར་བ་བཅས་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད། མི་གཅིག་ལ་བྱམས་བརྩེ་ཡོད་ན། སོ་སོ་རང་ཉིད་ཀྱི་གཟུགས་པོ་དང༌། འཚོ་བ། ཁྱིམ་ཚང་བཅས་སྐྱིད་པོ་དང་ཡག་པོ་ཡོང་གི་རེད། དེ་ནི་ཚན་རིག་པས་བརྟག་དཔྱད་བྱས་ནས་ར་འཕྲོད་བྱུང་བའི་གནས་ཚུལ་རེད། ང་ལ་ཨ་རིའི་ཚན་རིག་པ་གྲོགས་པོ་ཁ་ཤས་ཡོད། དཔེར་ན། Paul Ekman དང༌། Richard Davidson ལྟ་བུའི་ཚན་རིག་པ་དེ་ཚོས་སེམས་ཁམས་ཀྱི་གནས་སྟངས་འགྱུར་བ་བཏང་བ་བརྒྱུད་ཀླད་པའི་གནས་སྟངས་ཀྱང་ཆབས་ཅིག་འགྱུར་བ་འགྲོ་ཐུབ་ཀྱི་ཡོད་པ་དེ་དངོས་བདེན་ཡིན་པ་ཤེས་རྟོགས་བྱུང་འདུག Paul Ekman གྱིས་ཚོད་ལྟ་བྱས་པར། སློབ་ཕྲུག་ཁ་ཤས་འདེམས་སྒྲུག་བྱས་ཏེ་ཁོང་ཚོར་སེམས་ཁམས་དང༌། སྒོམ་རྒྱག་སྟངས་ཀྱི་སྦྱོང་བདར་སྤྲད་ནས་བདུན་ཕྲག་ཁ་ཤས་སོང་རྗེས་སློབ་ཕྲུག་དེ་ཚོ་ཕྲན་བུའི་ལྷིང་པོ་དང༌། སྐྱིད་དུ་འགྲོ་གི་འདུག་ཅེས་ཟེར་གྱི་འདུག
ངས་སློབ་གསོ་ནི་ཧ་ཅང་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད། ཤེས་ཡོན་སློབ་པ་ཕུད། གལ་ཆེ་ཤོས་ནི་ཕྲུ་གུ་རྣམས་ཀྱི་སེམས་རྒྱུད་དྲོ་སྐྱིད་ལྡན་པ་ཞིག་ཡོང་ཆེད་སྦྱོང་བདར་སྤྲོད་དགོས། དེར་བརྟེན་ངའི་འདུན་པ་དང༌། སྨོན་ལམ་ནི་འབྱོར་ལྡན་ཚོས་སློབ་གསོའི་ཐོག་ནུས་ཤུགས་ཆེ་ཙམ་ལེགས་སྐྱེས་ཕུལ་ནས་སེམས་རྒྱུད་དྲོ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དེ་ཡིན།
དུས་མཚུངས་ངས་ཁེ་ལས་ཀྱིས་བདུན་ཕྲག་གཅིག་ནང་ལས་བཟོ་པ་ཚོར་སྒོམ་སྒྲུབ་ཀྱི་སྦྱོང་བདར་ཐེངས་གཅིག་སྤྲད་ནས་ཁེ་ལས་འདི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འགྱུར་ཐབས་བྱེད་རྒྱུ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁེ་ལས་ཀྱིས་ལས་བཟོ་པའི་ལུས་ཀྱི་འཕྲོད་བསྟེན་ལ་སེམས་ཁུར་བྱེད་པ་དང་དུས་མཚུངས་ལས་བཟོ་པའི་ནང་སེམས་དྭངས་གཙང་ཡོང་རྒྱུར་ཡང་སེམས་ཁུར་བྱས་ཚེ། གཅིག་བྱས་ན་ཕན་ཐོགས་ཡོང་གི་རེད། དེ་ནི་བྱེད་ཐུབ་པ་ཞིག་ཡིན་ལ། འགྲོ་སོང་ཡང་ཆེན་པོ་མ་རེད།
དུས་དེབཿ སྐུ་ཉིད་ཀྱིས་འཇིག་རྟེན་གྱི་བདེ་སྐྱིད་ནི་བདེ་བ་དང༌། བདེ་ཐང༌། རོགས་པ། ཤོག་དངུལ་བཅས་རེད་གསུངས་ཀྱི་ཡོད། གོ་རིམ་དེ་ཁེ་ལས་ཐོག་སྤྱད་ན་འགྲིག་གམ།
ྋགོང་སཿ དེ་ནི་ཐེ་ཚོམས་མི་དགོས་པ་ཞིག་རེད། བདེ་བ་ནི་གལ་ཆེ་ཤོས་རེད། མི་གཅིག་གལ་སྲིད་སེམས་ལྷིང་པོ་ཡོད་ན། དངོས་པོས་མ་འདང་ན་ཡང་སྔར་བཞིན་བདེ་སྐྱིད་དང་ལྡན་པའི་མི་ཞིག་ཡོང་གི་རེད། དེར་བརྟེན་བདེ་བ་དང༌། བདེ་ཐང་མེད་ན། མི་དེར་དངོས་གནས་ཀྱི་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་ཡོང་མི་སྲིད། བདེ་བ་ལྡན་པ་དང་ཆབས་ཅིག་ད་དུང་དངུལ་ཕྲན་ཙམ་ཡོད་ན་ཡག་ཤོས་རེད། དངུལ་ཏོག་ཙམ་ཡོད་དགོས་ཀྱི་མི་འདུག་གམ། ལྷག་པར་དུ་དེང་སང་སྨན་བཅོས་བྱེད་དགོས་བྱུང་ན་ཞེ་དྲགས་གོང་ཆེན་པོ་རེད།བཞད་མོ་བཞད།
ངའི་གྲོགས་པོ་ཁ་ཤས་ལ་དངུལ་ཧ་ཅང་མང་པོ་ཡོད་པ་རེད། ཐ་ན་ཁ་ཤས་དངུལ་ས་ཡ་མང་པོའི་བདག་པོ་རེད། ཡིན་ནའི་སྐྱིད་པོ་གཏན་ནས་མེད་པར་སེམས་ཁྲལ་དང་དོགས་པ་ཁོ་ནའི་ནང་བསྡད་དགོས་ཀྱི་འདུག མི་དེ་ཚོ་ཚང་མ་སྤྱང་པོ་དང༌། མཐོང་རྒྱ་ཆེན་པོ་ཡིན་ཙང་ག་དུས་ཡིན་རུང་རེ་བ་ཆེན་པོ་དང༌། དོགས་པ་ཆེན་པོ་བྱེད་ཀྱི་འདུག དེ་དང་དུས་མཚུངས་སུ་འགོག་རྐྱེན་དང༌། སེམས་ཁྲལ། མ་སྐྱིད་པ་ཡང་མང་བ་ཡོང་གི་འདུག དངུལ་གྱིས་ཁོང་ཚོའི་ཡིད་སེམས་བདེ་བ་ཡོང་རྒྱུར་ཕན་ཐོགས་བྱེད་ཐུབ་ཀྱི་མི་འདུག་ལ། སློབ་གསོ་དང༌། མིང་གྲགས་ཀྱིས་ཀྱང་ཁོང་ཚོའི་ཡིད་སེམས་བདེ་བར་ཕན་ཐོགས་བྱེད་མ་ཐུབ་པར་མཐར་སྐྱིད་པོ་མེད་པའི་སྐྱེ་བོ་ཞིག་ཏུ་འགྱུར་གྱི་འདུག
དུས་དེབཿ སྐུ་ཉིད་གལ་སྲིད་ཁེ་ལས་པ་ཞིག་ཡིན་དབང་དུ་བཏང་ན། ཁེ་ལས་པ་གང་འདྲ་ཞིག་ཡིན་དགོངས་ཀྱི་ཡོད་དམ།
ྋགོང་སཿ ཁེ་ལས་ལམ་སེང་རྐུབ་རྡིབ་འཇུག་མཁན་གྱི་ཚོང་པ་ཞིག་ཡིན།ཚང་མ་གད་མོ་ཤོར།
དུས་དེབཿ ཁེ་ལས་པ་མང་པོར་རྒྱུན་དུ་སེམས་ངལ་ཆེན་པོ་ཡོད། ཁྱེད་ཀྱིས་ཇི་ལྟར་བྱས་ནས་སེམས་ངལ་མེད་པ་བཟོས་གནང་གི་ཡོད་དམ། སྐུ་ཉིད་སེམས་ངལ་ཡོད་སྐབས་གང་འདྲ་གནང་གི་ཡོད་དམ།
ྋགོང་སཿ བོད་མི་ཡོངས་ཀྱིས་ང་ལ་ཡིད་ཆེད་དང༌། རེ་བ་བྱེད་ཀྱི་ཡོད། ཡིན་ནའི་ལས་སླ་པོ་ཡོད་པ་མ་རེད། ངས་ཀྱང་ག་དུས་ཡིན་རུང་སེམས་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད། འོན་ཀྱང་བསམ་བློ་ཅིག་བཏང་སྐབས་སེམས་ངལ་ག་རེ་ཡིན་རུང་བཅོས་ཐབས་ཡོད་པ་ཞིག་ཡིན་ན། ངེས་པར་དུ་རང་གི་རྣམ་དཔྱོད་བཏོན་ནས་བཅོས་དགོས་པ་ལས་མ་སྐྱིད་པ་བྱས་ནས་ཅི་བྱེད། གལ་སྲིད་བཅོས་ཐབས་མེད་ཞིག་ཡིན་ན། མ་སྐྱིད་པ་བྱས་ནས་ཅི་ཕན།
དུས་དེབཿ སྐུ་ཉིད་ཀྱིས་མི་རྣམས་ལ་ག་དུས་ཡིན་རུང་སྐྱེ་སྟོབས་ཀྱི་ནུས་པས་ཁེངས་པའི་ཚོར་བ་ཞིག་སྟེར་གནང་གི་ཡོད། ཁྱེད་རང་མཛད་བྲེལ་ཤིན་ཏུ་ཆེ་ཡང༌། ཡིད་སེམས་ལྷོད་ལ་སྐྱེ་སྟོབས་ཀྱི་ནུས་པས་ཁེངས་པ་གང་འདྲ་བྱས་ཏེ་ཡོང་གི་ཡོད་དམ། ང་ཚོ་ཡ་མཚན་ཆེན་པོ་ཡོང་གི་འདུག
ྋགོང་སཿ ངས་ཉིན་ལྟར་སྔ་པོ་ལངས་ཏེ་ཐེག་ཆེན་དང༌། བྱང་ཆུབ་སེམས། སྟོང་ཉིད་སྦྱང་བརྩོན་བྱེད་ཀྱི་ཡོད་ལ། ཐ་ན་རྨི་ལམ་ནང་དུ་ཡང་སྦྱང་བརྩོན་བྱེད་ཀྱི་ཡོད། ངས་གོང་དུ། ངའི་འདོད་རྔམ་ཆེ་ཤོས་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་བྱ་བ་སྒྲུབ་ནས་ཐར་པ་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཡོད། ཇི་སྲིད་ནམ་མཁའ་གནས་པ་དང༌། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།༡༩༨༩ ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཚིད་བཅད་འདིས་སྔོན་བསུས་ཏེ་གསུང་བཤད་གནང་ཡོད།ཅེས་པའི་དགོངས་པ་དེས་ང་ལ་ཕན་ནུས་ཆེན་པོ་སྟེར་གྱི་འདུག ལོ་བརྒྱའི་མི་ཚེ་གལ་ཆེན་མིན་པར་མི་ཚེའི་དོན་སྙིང་ནི་གཞན་ཕན་སྒྲུབ་རྒྱུ་དེ་རེད། འགྲན་རྩོད་ཅི་ཙམ་མང་བ་དེ་ཙམ་གྱིས་དཀའ་ངལ་མང་བ་དང་ཆབས་ཅིག་ཁྱེད་རང་ལ་གཞན་ཕན་སྒྲུབ་རྒྱུའི་གོ་སྐབས་ཀྱང་མང་བ་ཡོད། དེར་བརྟེན་མིའི་མི་ཚེ་ནི་བེད་སྤྱོད་ཡོད་པ་ཞིག་རེད་འདུག་བསམ་པའི་ཡིད་ཆེས་ཀྱི་བསམ་པ་ཞིག་ཐོབ་ཀྱི་རེད།
དུས་དེབཿ ཁྱེད་རང་གི་སྐུའི་འཕྲོད་བསྟེན་ནི་བོད་མི་ས་ཡ་དྲུག་ལ་གལ་ཆེ་བ་མ་ཟད། འཛམ་བུ་གླིང་ལ་ཡང་གལ་ཆེ་བས་ཁྱེད་རང་གིས་གང་འདྲ་བྱས་ནས་འཕྲོད་བཞེས་གནང་གི་ཡོད་དམ། ལུས་སྦྱོང་གནང་གི་ཨེ་ཡོད།
ྋགོང་སཿ ཡོད། སྔ་དྲོ་ལུས་སྦྱོང་བྱེད་ཀྱི་ཡོད།
དུས་དེབཿ ལུས་སྦྱོང་ག་རེ་གནང་གི་ཡོད་དམ།
ྋགོང་སཿ རྐྱང་ཕྱག་དང༌། རྒྱུགས་ཤར་འཕྲུལ་འཁོར་ཐོག་རྒྱུགས་ཤར་གློད་ཀྱི་ཡོད། མི་མི་འདྲ་བ་དེ་འདྲ་ཐུག་གི་ཡོད་པ་དེས་ཀྱང་ང་ལ་ཕན་ཐོགས་ཡོང་གི་འདུག ཐུག་འཕྲད་སྐབས་སེམས་ཚོར་དང་སེམས་ཁམས་ཀྱི་སྐོར་ཕན་ཚུན་བརྗེ་ལེན་ཡོང་གི་ཡོད་པ་འདིས་སྐྱིད་པོའི་ཚོར་སྣང་ཡོང་གི་འདུག
དུས་དེབཿ ཉིན་ལྟར་མི་དེ་འདྲའི་མང་པོ་མཇལ་འཕྲད་གནང་དུས་སྐུ་མཉེས་པོ་མི་འདུག་གམ།
ྋགོང་སཿ ནུབ་ཕྱོགས་སུ། གང་དུ་བདེ་བ་ཡོད་ས་དེ་ངའི་ནང་ཡིན། སུས་ང་ལ་ཡག་པོ་བྱས་ཀྱང་དེ་ནི་ངའི་ཕ་མ་ཡིན་ཞེས་པའི་བཤད་སྲོལ་ཞིག་ཡོད་པ་རེད། ངས་རྣམ་འགྱུར་དེ་འདྲ་ཞིག་གི་ཐོག་ནས་མི་དང་བྱ་དངོས་ལ་བལྟ་གི་ཡོད། དེར་བརྟེན་རྒྱ་ནག་པ་དང༌། རྒྱ་གར་བ། ནུབ་ཕྱོགས་པ་བཅས་སུ་ཡིན་རུང་ཁོང་ཚོ་ཐུག་སྐབས་ང་ལ་སྐྱིད་པོའི་ཚོར་སྣང་ཞིག་ཡོང་གི་འདུག མི་གཞན་རྣམས་གྲོགས་པོ་རྙིང་པར་བརྩི་རྒྱུ་དེ་སེམས་ངལ་མེད་པ་བཟོ་བའི་ཐབས་ཤེས་ཡག་ཤོས་ཤིག་རེད། དངངས་སྐྲག་སྐོར་བཤད་དུས། ཐེངས་ཤིག་ང་དང་ཀྲོའུ་ཨེ་ལན་མཇལ་ནས་བོད་ཡར་རྒྱས་སྐོར་གླེང་བ་རེད། ངས་མཇལ་མོལ་དེའི་ཆེད་ཟིན་བྲིས་ཤོག་གྲངས་ཁ་ཤས་གྲ་སྒྲིག་བྱས་པ་ཡིན། མཇལ་མོལ་བྱུང་ཉིན་དེར་ངས་མར་བསྡད་མ་ཐག་ལམ་སེང་ཟིན་བྲིས་ཤོག་ལྷེ་དེ་ཀློག་པ་ཡིན། གང་ཡིན་ཟེར་ན། ང་སེམས་འཚབ་ཀྱི་ཡོད་རེད། མཇལ་མོལ་གྲུབ་ནས་མར་ཐོན་མ་ཐག་ངའི་སྐད་སྒྱུར་གྱིས་ང་ལ་གད་མོ་ཤོར་ནས། དེ་འདྲའི་དངངས་འཚབ་གནང་སོང༌། སྔོན་ལ་འཚམས་འདྲི་གནང་དགོས་རེད། ཡིན་ནའི་བྱུང་མ་སོང་ཟེར་གྱི་འདུགབཞད་མོ་ཆེན་པོ་བཞད། རྗེས་སུ་ཉམས་མྱོང་བསགས་ཐོག་སེམས་ལྷོད་པོའི་ངང་ནས་མི་ཚང་མར་བལྟ་སྟངས་ཤེས་ཀྱི་ཡོད་པ་རེད། མི་གཞན་གྱིས་ཀྱང་ང་ལ་དེ་ལྟར་བལྟ་གི་ཡོད་རེད་བསམ་གྱི་ཡོད། ང་ནི་གྲྭ་པ་ཞིག་རེད། སུས་ཀྱང་ངའི་གནས་བབ་འགྱུར་ཐུབ་ཀྱི་མ་རེད། ཏཱ་ལའི་བླ་མ་ཞེས་འབོད་པ་ཡིན་ནའི་རེད། ལྷ་རེད་ཟེར་ནའི་རེད། ཆོས་ཀྱི་རྒྱལ་པོ་རེད་ཟེར་ནའི་རེད། གུང་བྲན་ཏང་གིས་སྐབས་རེ་ང་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་གྱི་ཡོད།ཐུགས་སྣང་སྤྲོ་པོའི་ངང་ནས་བཞད་མོ་ཆེན་པོ་བཞད། དེ་ཚོ་ཚང་མ་གང་ཡང་ཡོད་པ་མ་རེད། ཁ་ཤས་ཀྱིས་ང་ལྷ་རེད་ཟེར་བ་འདི་ཆོ་གང་ཡང་ཡོད་པ་མ་རེད། ཁ་ཤས་ཀྱིས་ང་འདྲེ་རེད་ཟེར་གྱི་ཡོད། དེ་ཡང་ཆོ་མེད་པ་ཞིག་རེད།སླར་ཡང་བཞད་མོ་ཤོར།
དུས་དེབཿ ཁྱེད་རང་ག་དུས་ཡིན་རུང་དེ་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད། སྐུ་ཚེའི་རིང་གི་སྤྲོ་སྣང་ཆེ་ཤོས་དེ་ག་དུས་ཡིན་ནམ།
ྋགོང་སཿ ངའི་བསམ་པར། སྐྱེས་མ་ཐག་ཨ་མའི་འོ་མ་འཐུང༌། ཨ་མས་པང་དུ་ཉར་བའི་སྐབས་དེར་ཕལ་ཆེར་སྐྱིད་ཤོས་རེད། སྐབས་དེའི་སྐྱིད་སྣང་དེ་དེ་འདྲའི་གཏིང་ཟབ་པོ་རེད། ངའི་བསམ་པར། བརྒྱུད་རིམ་དེ་ནི་ཕྱིས་སུ་ང་ལ་བདེ་སྐྱིད་ཀྱི་མི་ཚེ་ལྡན་པའི་རྨང་གཞི་རེད་བསམ་གྱི་ཡོད། མི་རྣམས་སྐྱེས་རྗེས་གལ་སྲིད་ཨ་མས་པང་དུ་ཉར་ནས། ཨ་མའི་འོ་མ་འཐུང་སྟེ་འཚོ་བའི་བརྒྱུད་རིམ་དེ་མེད་ན། དེ་འདྲའི་མི་དེར་གཅིག་བྱས་ན་འབྱུང་འགྱུར་དཀའ་ཙམ་ཡོང་གི་རེད། ཁྱེད་རང་གིས་བྱས་ན་གང་འདྲ་རེད་འདུག་གམ། མ་སྦྱར་བཙས་མ་ཐག་གི་ཐོག་མའི་བདུན་ཕྲག་ཁ་ཤས་ནང་ཨ་མའི་ལག་པ་ཕྲུ་གུ་མ་སྦྱར་ལ་ཐུག་ཐུག་བྱས་པ་དེས། ཕྲུ་གུའི་ཀླད་ནུས་འཕེལ་རྒྱུར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་ཚུལ་ཚན་རིག་པ་ཞིག་གིས་ང་ལ་བརྗོད་མྱོང་ཡོད། དེར་བརྟེན་བྱམས་བརྩེ་ཕྲན་བུ་ཡོད་པའི་མི་ཞིག་ཡིན་ན། ངས་ང་རང་དེ་འདྲའི་གྲས་ཤིག་ཡིན་པའི་རེ་བ་བྱེད་ཀྱི་ཡོད། དཔེར་ན། ང་རང་ལ་ཆ་བཞག་ན། ང་ལ་ཞི་དུལ་དང་དྲོ་སྐྱིད་ཕྲན་བུ་ལྡན་པའི་སེམས་ཤིག་ཡོད་པ་རེད། ངས། མི་དེ་རིགས་ཚང་མ་ཨ་མའི་བྱམས་བརྩེས་སྐྱོང་བ་དང་འབྲེལ་བ་ཆེན་པོ་ཡོད་རེད་བསམ་གྱི་ཡོད། ང་སྐྱེས་ནས་ལོ་ཁ་ཤས་ནང་ཨ་མ་ལགས་ཀྱིས་ཧ་ལས་པའི་བྱམས་སྐྱོང་གནང་གི་ཡོད།
དུས་དེབཿ སྐུ་ཉིད་ཀྱིས་ཨ་མ་ལགས་ལ་འགྲེལ་བརྗོད་མཛེས་པོ་གནང་སོང༌།
ྋགོང་སཿ ཡིན་ནའི་ངས་ངའི་པཱ་ལགས་སྐོར་བཤད་ན་དེ་འདྲའི་མཛེས་སྡུག་ལྡན་པ་མེད། ངའི་པཱ་ལགས་ཀྱི་ཐུགས་གཤིས་དེ་དེ་ཙམ་འཇམ་པོ་མ་རེད། སྐབས་རེ་དེ་འདྲས་གནང་གི་རེད།འགྲམ་ལྕག་བཞུ་བའི་ཚུལ་བསྟན་པ་གནང༌།
དུས་དེབཿ སྐུ་ཉིད་ཀྱི་འདུན་པ་ཆེ་ཤོས་དེ་བོད་དུ་ཕྱིར་ལོག་གནང་རྒྱུ་དེ་ཡིན་པ་ང་ཚོས་ཤེས་ཀྱི་འདུག གལ་སྲིད་སྐུ་ཚེའི་རིང་འདུན་པ་དེ་མངོན་འགྱུར་མ་བྱུང་ན། གང་འདྲ་གནང་རྩིས་ཡོད་དམ།
ྋགོང་སཿ འདས་པའི་ལོ་ཤས་ནང་ངས་དོན་དག་གསུམ་ཐོག་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། གཅིག མིའི་རང་བཞིན་གྱི་རིན་ཐང་གོང་མཐོར་གཏོང་རྒྱུ་དེ་ཡིན། རྒྱལ་ཁབ་དང༌། ཆོས་ལུགས་གྲུབ་མཐའ། མི་རིགས་བཅས་ཀྱི་དབྱེ་བ་མེད་པར། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ཀྱང་བདེ་བ་འདོད་པའི་ཐོབ་ཐང་ཡོད་པ་རེད། གཉིས། ཆོས་ལུགས་ཕན་ཚུན་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འཆམ་མཐུན་ཟེར་བ་དེ་ནི་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམས་ཕན་ཚུན་འཛུམས་མདངས་སྟོན་རེས་དང༌། ལག་པ་གཏོང་རེས་བྱས་པ་ཙམ་མ་ཡིན་པར། ཆོས་ལུགས་གཞན་གྱི་སྲོལ་རྒྱུན་རིན་ཐང་རྟོགས་པའི་ཐོག་ནས་དེ་གོང་འཕེལ་ཡོང་རྒྱུར་བརྩི་བཀུར་བྱ་རྒྱུ་དེ་རེད། ཡིད་ཆེས་ཀྱི་སེམས་དེ་ལ་བརྟེན་ནས་ང་ཚོས་གོ་སྐབས་ཡོད་ཚད་སྤྱད་དེ་ཆོས་ལུགས་གཞན་གྱི་དགོན་པ་ལྷ་ཁང་དུ་ཕྱིན་ནས་ཆོས་ལུགས་གཞན་ལ་གུས་བརྩི་མཚོན་པ་བྱེད་དགོས། ང་སྤུར་ཅུ་གྷལ་དུ་འཚམས་འདྲིར་འགྲོ་སྐབས་ངས་ཡེ་ཤིའི་གནས་ Fatima ལ་ཕྱིན་ནས་ལྷ་ཁང་ནང་མཉམ་དུ་སྨོན་ལམ་བཏོན་པ་ཡིན། ལྷ་ཁང་དེའི་ནང་མའེ་རེའི་Merryསྐུ་བརྙན་ཞིག་འདུག ང་ཚོ་ལྷ་ཁང་དེ་ནས་ཐོན་ཏེ་ལོག་ཡོང་སྐབས་ངས་མར་ཕྱིར་བལྟས་སློག་པར་མའེ་རེའི་སྐུ་བརྙན་དེས་ང་ལ་བཞད་མོ་


བཞད་པའི་ཚུལ་ཞིག་མཇལ་བྱུང༌། གཅིག་བྱས་ན་ལྷ་ཁང་དེར་སྐྱོན་ཡོད་པ་ཡིན་གྱི་རེད།ཕྱག་དབུ་ལ་བཞག་ནས་བཞད་མོ་ཤོར། ལོས་ཡིན། ང་ནི་ནང་པ་ཞིག་རེད། སྐབས་དེར་ངའི་སེམས་ནང་མའེ་རེའི་གི་གསུང་དང་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་གཉིས་གཅིག་པ་སྟེ། བྱམས་བརྩེ་དང་སྙིང་རྗེ་རེད་བསམ་པ་བྱུང༌། གཅིག་བྱས་ན་ང་ལ་སྐབས་དེར་མའེ་རེའི་གིས་ཐུགས་སྨོན་གནང་བ་ཡིན་གྱི་རེད།ཐུགས་སྤྲོ་པོའི་ངང་ནས་བཞད་མོ་བཞད། གསུམ། བོད་ཀྱི་གནད་དོན་ཡིན། ལོ་དྲུག་གོང་ནས་ང་ཚོར་བཙན་བྱོལ་བོད་གཞུང༌།མི་མང་གིས་ཐད་ཀར་བདམས་པའི་གཞུང་འཛིན་པ་ཡོད་སྟབས། དེང་སང་ང་ནི་ཕྱེད་རྒས་ཡོལ་ཡིན། དུས་ཚོད་སྨིན་མཚམས་དང༌། རང་དབང་ངེས་ཅན་བྱུང་པའི་གནས་ཚུལ་འོག་ང་རྦད་དེ་རྒས་ཡོལ་འགྲོ་གི་རེད། ད་ལྟ་ང་ལོ་ ༧༢ རེད། མུ་མཐུད་རྒྱ་གར་དུ་བསྡད་དགོས་བྱུང་ཡང་མ་འོངས་པའི་ལོ་ཤས་ནང་ང་རྦད་དེ་རྒས་ཡོལ་དུ་འགྲོ་རྩིས་ཡོད། ངའི་དོན་དག་གམ་ལས་འགན་གསུམ་པ་འདི་གལ་སྲིད་མངོན་འགྱུར་ཡོང་ཐབས་མེད་ན། ང་ད་དུང་ལོ་མང་པོར་སོན་ཐུབ་ཅིང༌། གལ་སྲིད་བོད་དུ་ཕྱིར་ལོག་ཐུབ་ཐབས་མེད་དབང་དུ་བཏང་ཡང་ངས་དགའ་སྤྲོ་བདེ་སྐྱིད་དང་ལྡན་པའི་སྒོ་ནས་འདིར་བསྡད་ཀྱི་རེད།། །།

རྫོགས།